གལ་སྲིད་ང་ཤི་སོང་ན།—འོད་ཟེར།

གལ་སྲིད་ང་ཤི་སོང་ན།
ངའི་མགོ་བོ་འདི་ལྷ་​ལ་མཆོད་སྦྱིན་མ་བྱེད།
ལས་སུ་རུང་བའི་དབང་པོ་གང་འདུག་ན་སྨན་ཁང་དུ་སྐྱེལ་རོགས།
སྨན་ཁང་ནས་ཀྱང་ཆ་རྐྱེན་ཞན་པའི་ནད་པ་དབུལ་པོ་ཞིག་གི་དགོས་མཁོ་སྐོང་ཐུབ་ན་བསམ།
དེ་ལྟར་མ་བྱུང་ནའང་མི་གཞན་གྱི་འཚོ་བའི་གེགས་སུ་མ་གྱུར་ན་དེས་ཀྱང་ཆོག
གལ་སྲིད་ང་ཤི་སོང་ན།
ངའི་ལུས་པོ་འདི་དུར་ཁྲོད་ལ་མ་འཇོག
ང་ནི་རྣག་ཁྲག་གི་རྒྱ་མཚོ་འཁྱིལ་བའི་གནས་དེར་སྤྲོ་བ་མེད།
ངས་ཤ་ཚིལ་གྱི་དྲི་ངན་འཐུལ་བའི་མཁའ་རླུང་དེ་རྔུབ་ན་མི་འདོད།
རྒྱུ་མཚན་ནི་ང་རང་འཆི་བ་ལ་འཇིགས་ནས་འོ་དོད་དང་འཁང་ར་བྱས་པ་མིན།
དེ་ནི་ངའི་གཟུགས་གཞི་འདི་ཆོས་ལུགས་པ་གང་རུང་ཞིག་གི་ཆོ་གའི་ཡོ་བྱད་ཙམ་དུ་བསྒྱུར་དུ་མ་འདོད་པས་ཡིན།

གལ་སྲིད་ང་ཤི་སོང་ན།
​ངའི་ཕུང་པོ་འདི་པུར་བསྲེགས་མ་གཏོང་།
བོད་ཀྱི་གསོ་རིག་ལ་སློབ་གཉེར་བྱེད་བཞིན་པའི་དགེ་སློབ་གང་རུང་ཞིག་གི་ཕྱག་ཏུ་འབུལ་རོགས།
ངའི་ཕུང་པོ་འདི་ཕྱེད་གཤགས་མང་དུ་བྱས་ནས་དོན་སྣོད་ཀྱི་གནས་དང་དབྱིབས་གཟུགས་རྣམས་རེ་རེ་བཞིན་བཙལ་ན་ཆོག
​དེ་མིན་བདག་གི་ལུས་སྟེང་ནས་ན་ཚ་གང་རུང་ཞིག་གི་ནད་འགྱུར་གྱི་རྟགས་དང་མངོན་ཚུལ་ལ་ཡང་རྟོག་དཔྱོད་བྱེད་ཆོག
གང་ལྟར་ངའི་ལུས་སྟེང་ནས་​ཁྱེད་ཚོས་ཤེས་བྱ་ཕྲན་བུ་ཞིག་ལོན་ན་དེས་ཀྱང་འགྲིག
​གལ་སྲིད་ང་ཤི་སོང་ན།
ངའི་ཕྱིར་དུ་ལྷ་དང་བླ་མར་སྐྱབས་རྟེན་མ་འབུལ།
​ཟན་ལ་གཏོར་མ་དང་རས་ལ་གཟུངས་སྔགས་བྲིས་ཏེ་དཔལ་འབྱོར་འཕྲོ་བརླག་དང་འཁོར་ཡུག་ལ་འབགས་བཙོག་མ་བྱེད།
ངའི་ཕྱིར་ཡིན་གཅིག་མིནགཉིས་ཤི་ཆོས་ཤིག་སྒྲུབ་འདོད་ཚེ།
གང་ཐུབ་ཀྱིས་སློབ་མ་འབྱོར་ཞན་རྣམས་ཀྱི་སློབ་སྦྱོང་ལ་མཐུན་རྐྱེན་རེ་བསྐྲུན་རོགས།
དེ་མིན་ངའི་ལུས་ཕུང་འདི་ཆོས་ལུགས་པ་ག་གེ་མོའི་འབྱོར་བ་གཉེར་བའི་རྐྱེན་དུ་གྱུར་ན་ཅི་ནས་ཀྱང་མི་རུང་ངོ་། །
2020/1/24ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།